རྒྱབ་ཁུངས།
ཐིམ་ཕུག་རྒྱལ་ཡོངས་བཟོ་རིག་བཅུ་གསུམ་སྤེལ་ཁང་འདི་སྤྱི་ལོ་༡༩༧༡གི་ལོ་ལུ་ རང་ལུགས་འབྲུག་པའི་སྔར་སྲོལ་བཟང་པོ་བཟོ་རིག་ཚུ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏང་ཐབས་ཀྱི་ཆེད་དུ་དམིགས་ཏེ་ བཀའ་དྲིན་ཅན་གྱི་ཡབ་རྗེ་མི་དབང་ཞིང་གཤེགས་དམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ཐུགས་དགོངས་དང་འཁྲིལ་ཏེ་མི་དབང་ཨ་ཞེ་བདེ་ཆེན་དབང་མོ་དབང་ཕྱུག་མཆོག་གིས་བཀའ་བཞིན་གོང་འཕེལ་ལྷན་ཁག་གི་འགོ་འདྲེན་འོག་ལུ་ལྷ་འབྲིའི་སློབ་དཔོན་གཉིས་དང་སློབ་ཕྲུག་༣༠བཙུགས་ཏེ་འགོ་དང་པ་ལྷ་འབྲིའི་སློབ་གྲྭ་ཅིག་སྦེ་འགོ་བཙུགས་གནང་ནུག།
དེ་གི་ཤུལ་ལས་སྤེལ་ཁང་གི་བདག་སྐྱོང་འདི་དངུལ་རྩིས་ལྷན་ཁག་དང་ནང་སྲིད་ལྷན་ཁག་གི་འགོ་འདྲེན་འོག་ལུ་སྡོད་ཡོདཔ་མ་ཚད་ དེ་གི་ཤུལ་ལས་རྒྱལ་ཡོངས་བཟོ་རིག་སློབ་སྦྱོང་དབང་འཛིན་གྱི་ཡིག་ཚང་འོག་ལུ་བསྡད་ནུག།
སྤྱི་ལོ་༢༠༠༣ལོ་ལས་སྤེལ་ཁང་འདི་ལཱ་གཡོག་ལྷན་ཁག་གི་མི་སྟོབས་ལས་ཁུངས་འོག་ལུ་བསྡད་ཡོདཔ་ད་ སྤྱི་ལོ་༢༠༢༢ལས་ཞི་གཡོག་ལམ་ལུགས་གཞི་བསྒྱུར་འབད་བའི་སྐབས་ལས་ ད་རེས་སྤེལ་ཁང་འདི་ཤེས་རིག་དང་རིག་རྩལ་ལྷན་ཁག་འོག་གི་ ལས་མི་འཆར་གཞི་དང་རིག་རྩལ་གོང་འཕེལ་ལས་ཁུངས་འོག་ལུ་ཨིན་ཟེར་ཞུ་ནི་ཨིན།
སྦྱོང་བརྡར་ཆ་འཇོག་དང་ རྒྱལ་ཡོངས་ལྕོགས་གྲུབ་ཀྱི་དབྱེ་ཞིབ་ལག་ཁྱེར་ཚུ་ འབྲུག་ཤེས་ཚད་དང་ཁྱད་རིག་ངོ་སྦྱོར་དབང་འཛིན་འོག་གི་ བཟོ་རིག་དང་འཕྲུལ་རིག་ཤེས་ཡོན་སྤུས་ཚད་ཚོགས་སྡེ་ གིས་ཁ་ཐུགས་ལས་ འཕྲོ་མཐུད་དེ་རང་འགོ་འདྲེན་འཐབ་གནངམ་ཨིན། སྤེལ་ཁང་གི་ཁ་ཐུག་ལས་ རང་ལུགས་ཀྱི་བཟོ་རིག་ ལྷ་འབྲི། པ་ཏྲ། འཇིམ་བཟོ། སྤྲོས་བཟོ། ཚེམས་འདྲུབ། བཙེམ་བཟོ། ཐགས་བཟོ་ཚུ་རྒྱལ་ཡོངས་ལག་ཁྱེར་༢པ་དང་༣པའི་སྦྱོང་བརྡར་བྱིནམ་དང་གཅིག་ཁར་ ལྷ་འབྲི་གཙུག་ལག་འོག་མའི་སློབ་སྦྱོང་ལས་རིམ་འགོ་བཙུགས་ཡོདཔ་མ་ཚད་ མ་འོངས་པ་ལུ་ལྷ་འབྲི་གཙུག་ལག་གཞི་རིམ་སློབ་སྦྱོང་གྱི་ལས་རིམ་ཡང་གཞི་བཙུགས་འབད་ནི་དང་ ད་རུང་གཞན་ཡང་ཁ་སྐོང་ དེང་སང་འཛམ་གླིང་གཅིག་བསྒྱུར་གྱི་དུས་དང་བསྟུན་ཏེ་ཚོང་ལམ་གྱི་དགོས་མཁོ་གྲུབ་ཐབས་ལུ་སྦྱོང་བརྡར་ཚུ་བྱིན་ནི་ཨིན། སྤེལ་ཁང་གི་ཁ་ཐུག་ལས་ སྤྱི་ལོ་༢༠༢༥དབྱིན་ཟླ་༧པ་ལས་རྒྱལ་སྤྱིའི་སློབ་སྦྱོང་པ་ཚུ་གི་དོན་ལུ་ཁོང་རའི་དང་འདོད་དང་འཁྲིལ་ སློབ་སྦྱོང་བདེ་སྒྲིག་འབད་དེ་འབྲུག་གི་གནམ་བྱཱ་གི་སྔར་སྲོལ་ལྷབ་སྦྱངས་ལས་རིམ་གཞི་བཙུགས་འབད་དེ་སྦྱོང་བརྡར་བྱིན་ནི་དང་ ལམ་སྲོལ་བརྗེ་སོར་འབད་ནི་ཨིན།
འདས་པའི་མི་ལོ་བཅུ་ཕྲག་༥དེ་ཅིག་གི་རིང་ལུ་སྤེལ་ཁང་གི་ཁ་ཐུག་ལས་རང་ལུགས་འབྲུག་པའི་ངོ་རྟགས་སྔར་སྲོལ་བཟང་པོ་མི་ཉམས་གོང་འཕེལ་གཏང་ཐོག་ལས་ ན་གཞོན་ཚུ་ལུ་རིག་རྩལ་དང་ལག་རྩལ་སྤྲོད་དེ་ ལཱ་གཡོག་གི་རྒྱབ་སྐྱོར་བྱིན་པའི་ཁར་རང་ལུགས་ལམ་སྲོལ་དར་ཁྱབ་གཏང་སྟེ་མ་འོངས་པའི་ན་གཞོན་ཚུ་ལུ་སྤེལ་ཏེ་ཡོདཔ་ཨིན། ལག་ཤེསཔ་ཚུ་གི་རྒྱུད་ལུ་བཟོ་རིག་གི་རིག་རྩལ་འདི་ཁྱད་འཕགས་ཅན་ཅིག་སྦེ་བཞག་ནི་དང་ ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་བརྩི་མཐོང་ཡོདཔ་སྦེ་གནས་ཐབས་ལུ་བརྩོན་ཤུགས་བསྐྱེད་ནི་ཨིན།